༈ རྣམ་ཀུན་བརྩེ་བས་འདོར་མེད་རྗེ་དྲུང་ལགས་རིན་པོ་ཆེའི་ཞབས་དྲུང་དུ། འབུལ་འབྲས། བད་མི་ཆེད་གནང་མདུན་ཕྱག་བྲིས་ གནང་རྟེན་གྱིས་ཀླུབས་པ་དང་དེར་གསལ་ཚང་མ་ཉམས་མེད་འབྱོར་བས་དགའ་སྤྲོ་ཐོབ་ཅིང་བཀའ་དྲིན་མཆོག་ཏུ་ཆེ། སྔོན་ཞུས་བཞིན་ཕྲན་རེ་ཞིག་གཟུགས་གཞི་བདེ་མིན་བྱུང་ན་མ་གཏོགས་མི་དང་འཕྲད་འཕྲད་དང་ ཆོས་འཆད་འཆད་མི་བྱེད་པའི་འདུན་པ་ཤུགས་དྲག་བཏང་ཟིན་ཤེས་བཀའ་གནང་ཇི་བཞིན་སྒྲུབ་མ་ཐུབ་པར་ཁྲེལ་འཁྲུངས་མེད་པ་དང། ལམ་རིམ་གྱི་ཚིག་དོན་ལས་བརྩམས་ཏེ་བཀའ་འདྲི་གནང་བའི་ལན་གང་གིས་ རིམ་པ་ལྟར་འབུལ་བ་ལ། དྲི་བ་དང་པོ་བདེ་ལམ་གྱི་ཚོགས་ཞིང་བསྡུ་བའི་ཚེ། བླ་མ་ཐུབ་པའི་དབང་པོ་ཡང་རང་གི་སྤྱི་བོའི་རྩ་བའི་བླ་མ་ལ་ཐིམ། ཞེས་པའི་སྤྱི་བོའི་བླ་མ་དེ་ནི་ཇི་གསུང་ལྟར་གསོལ་འདེབས་རྒྱས་ [028B] དཔལ་ལྡན་རྩ་བའི་ཞེས་སོགས་ཀྱི་སྐབས་སུ་བསྒོམ་པ་ཡིན་ལ། བསྒོམ་ཚུལ་ནི། དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་འདེབས་རྫོགས་རྗེས། རང་གི་སྤྱི་བོར་སྣ་ཚོགས་པད་ཟླའི་གདན་ཞིག་ལམ་ གྱིས་བསྐྱེད་ནས། བླ་མ་ཐུབ་པའི་དབང་པོའི་མདུན་དུ་ཡོད་པའི་དྲིན་ཅན་རྩ་བའི་བླ་མ་ལ་དམིགས་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་པ། །ཞེས་པའི་ཚེ། རྩ་བའི་ བླ་མ་ལས་རང་འདྲ་གཉིས་པ་ཞིག་བྱུང་སྤྱི་བོའི་གདན་སྟེང་དུ་བཞུགས་ཤིང། སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། དང་པོའི་ཚེ་སྤྱི་བོའི་བླ་མའི་སྐུའི་ཆ་ལས་བདུད་རྩི་བབས་ནས་མི་མཐུན་ཕྱོགས་ཀྱི་ ཉེས་སྐྱོན་སྦྱངས་པ་དང། གཉིས་པའི་ཚེ་སྐུ་ལས་རང་འདྲ་གཉིས་པ་ཆད་དེ་རང་ལ་ཐིམས་ནས་མཐུན་ཕྱོགས་ཀྱི་ཡོན་ཏན་རྒྱས་པའི་མོས་པ་དང། འདྲེན་པ་མཉམ་མེད་མན་ཆད་ལ་སྤྱི་བོའི་བླ་མས་མགྲོན་གཉེར་ གྱི་ཚུལ་མཛད་དེ། རང་གིས་སྤྱི་བོའི་བླ་མ་ལ་ཞུས། སྤྱི་བོའི་བླ་མས་མདུན་གྱི་གསོལ་བ་འདེབས་ཡུལ་གང་ཡིན་ལ་ཞུ་བ་སོགས་ཡིན་ཞིང། དོན་ཆེན་པོ་གསུམ་གྱི་གསོལ་འདེབས་ཙམ་ལས་མི་བྱེད་ ན་ཚོགས་ཞིང་བསྡུ་བའི་ཚེ། བླ་མ་ཐུབ་པའི་དབང་པོ་ཡང་རང་གི་སྤྱི་བོར་སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞུགས་པར་གྱུར། ཕུན་ཚོགས་དགེ་ལེགས་ཞེས་བརྗོད་པས་ཆོག་ལགས། །